ཕུགས་འདུན།

ཕབ་ལེན་བྱོས། 下载

>>>>>> མ་འོངས་ཕུགས་འདུན་ཕྱོགས་བསྒྲིགས་དང་པོ།

ཉེ་བའི་ལོ་ཁ་ཤས་ཀྱི་རིང་ལ། ང་ཚོའི་ཕ་མེས་ཡང་མེས་ནས་བརྒྱུད་པའི་རོང་འབྲོག་གི་ཞིང་ཕྱུགས་ལས་གཉེར་སྟངས་གཙོ་བོར་གྱུར་བའི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ལ་འཕོ་འགྱུར་ཆེན་པོ་འགྲོ་བཞིན་པ་དང་། ང་ཚོའི་འཚོ་གནས་ལ་གཞུང་གི་སྲིད་ཇུས་དང་ཕྱིའི་དཔལ་འབྱོར་གྱི་གནོན་ཤུགས་ཆེན་པོ་ཕོག་བཞིན་ཡོད། གནོན་ཤུགས་འདི་དག་ནི་གློ་བུར་རྐྱེན་མེད་དུ་བྱུང་བ་ཞིག་མ་ཡིན་པར་གཞུང་གི་སྲིད་ཇུས་རྒྱ་ཆེན་པོའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་མངོན་གསལ་དུ་སྣང་ཞིང་། སྲིད་ཇུས་འདི་དག་གིས་འཆར་གཞི་དང་སྒྲིག་འཛུགས་ལྡན་པའི་ངང་ང་ཚོའི་རང་ཡུལ་གྱི་དཔལ་འབྱོར་སྒྲིག་གཞི་ལ་གཏོར་བརླག་དང་འགྱུར་བ་བཏང་ནས་བོད་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་གཞན་བརྟེན་ཅན་ལ་བསྒྱུར་བས། ད་ལྟ་ང་ཚོའི་བོད་ཀྱི་ཁྱིམ་ཚང་མང་པོས་ཉིན་ལྟར་མཁོ་བའི་འཚོ་བའི་རྒྱུ་ཆ་དག་རྒྱ་ནག་གི་ཚོང་ཁང་ལ་མ་བརྟེན་ཚེ་རང་རྐྱ་འཕེར་བའི་ངང་འཚོ་བ་སྐྱེལ་ཐབས་མེད་པར་གྱུར་འདུག འདི་ལྟར་རིམ་བཞིན་ང་ཚོའི་དཔལ་འབྱོར་གཞན་བརྟེན་ཅན་དུ་འགྱུར་རྒྱུའི་ཉེན་ཁ་ཤུགས་ཆེ་རུ་ཕྱིན་ཚེ། ང་ཚོས་དཔལ་འབྱོར་གྱི་ཐད་རང་སྟོབས་རང་སྤེལ་བྱ་རྒྱུའི་ནུས་ཤུགས་རང་བཞིན་གྱིས་ཉམས་དམས་སུ་འགྲོ་ངེས་པ་དང་། དེ་ལ་བརྟེན་ནས་ང་ཚོ་རང་ཉིད་ནུས་མེད་ཉམ་ཆུང་རང་ཁ་རང་གསོ་བྱེད་མི་ཐུབ་པའི་མི་རིགས་ཤིག་ཏུ་འགྱུར་ངེས།

ད་ལྟའི་དཔལ་འབྱོར་འགྲོ་ལུགས་འདིས་ཚད་རིམ་འདྲ་མིན་གྱི་ཐོག་ནས་བོད་མི་རྣམས་ཀྱི་དཔལ་འབྱོར་ལ་དོ་མི་སྙོམས་པའི་གཏོར་བརླག་ཚབས་ཆེན་བཏང་ཡོད། དེ་བས་དེང་སྐབས་བོད་མི་སྒེར་བའི་ངོས་ནས་ཟས་གོས་གནས་མལ་སོགས་དཔལ་འབྱོར་གྱི་མཐུན་རྐྱེན་ཡག་ཏུ་སོང་ཡོད་པ་ལྟར་སྣང་ནའང་། བོད་མི་སྤྱིའི་ཆ་ནས་མི་རིགས་ཀྱི་རིན་ཐང་ལྟ་བ་དང་། སྐད་དང་ཡི་གེ འཚོ་བའི་གོམས་གཤིས་སོགས་རང་གི་ངོ་བོ་མ་བརླག་པའི་ཐོག་ནས་ཡར་རྒྱས་འགྲོ་རྒྱུའི་ལམ་ཁ་ཡོངས་སུ་འགག་སྟེ། རྒྱ་ཆེ་ས་ནས་བོད་མིའི་སྲིད་འབྱོར་རིག་གསུམ་གྱི་ཁེ་དབང་དག་ཡོངས་སུ་ཤོར་བཞིན་འདུག

དེང་སྐབས་ང་ཚོའི་འཚོ་ཐབས་ལ་རང་སྟོབས་ཀྱི་འབད་བརྩོན་ལས་ཀྱང་ཚོང་རའི་རིན་གོང་མཐོ་དམའ་ཡི་འགྱུར་ལྡོག་དང་གཞུང་གི་སྲིད་ཇུས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཆེ། སྤྱི་ལོ་༢༠༢༢་ལོའི་ཏོག་དབྱིབས་རིམས་ནད་ཀྱི་བཀག་སྡོམ་ལས་བྱུང་བའི་དཀའ་ངལ་ནི་དཔེ་མཚོན་གཙོ་བོ་ཞིག་རེད། སྐབས་དེར་བོད་ཀྱི་གྲོང་ཁྱེར་དང་འདུས་གྲོང་དག་ལ་ཟ་མ་ཆད་ཅིང་དཔལ་འབྱོར་གྱི་དཀའ་ངལ་བྱུང་ནས་ང་ཚོར་དཔལ་འབྱོར་རང་མགོ་རང་ཐོན་བྱ་དགོས་པ་དང་འཚོ་བ་རང་ཁ་རང་གསོ་བྱ་དགོས་པའི་སྐུལ་མ་དང་གསལ་འདེབས་བྱས་ཤིང་། མུ་མཐུད་ནས་གཞན་བརྟེན་གྱི་འཚོ་བ་སྐྱེལ་མི་འོས་པའི་ཉེན་བརྡ་བཏང་ཟིན།

བོད་མི་རིགས་ཀྱི་མ་འོངས་པའི་དཔལ་འབྱོར་ཡར་རྒྱས་གཏོང་དགོས་ན། ང་ཚོར་སྔར་ནས་ཡོད་པའི་ལག་ཤེས་བཟོ་ལས་སོགས་དང་འབྲེལ་བའི་ལག་རྩལ་གྱི་རྨང་གཞི་བརྟན་པོ་བྱས་ཤིང་། དེ་ལ་བརྩི་མཐོང་ཚད་ལྡན་ཡོད་པའི་ཐོག་ནས། བོད་ས་རང་ནས་དཔལ་འབྱོར་གྱི་ལམ་ཁ་གསར་གཏོད་བྱ་རྒྱུ་དང་དཔལ་འབྱོར་གྱི་ནུས་པའི་རྒྱུན་བསྲིངས་ཏེ་ཡར་རྒྱས་སུ་གཏོང་དགོས། ང་ཚོས་ཆེ་མཐོང་ཡོད་པ་དང་། ནུས་སྟོབས་ལྡན་པ། རྒྱུན་བསྲིང་ཐུབ་པ་བཅས་ཀྱི་ངོས་ནས་དེང་རབས་ཁྲོམ་རའི་དཔལ་འབྱོར་དོན་གཉེར་ལ་དཔུང་འཇུག་བྱས་ཏེ་ང་ཚོའི་མ་འོངས་བའི་ལམ་ཁ་བསྐྲུན་དགོས་ཤིང་། ང་ཚོའི་མ་འོངས་བ་ནི་གཤམ་གྱི་གནད་དོན་གཙོ་བོ་འདི་དག་ལ་རག་ལས་པར་སྙམ།

  • བོད་ཀྱི་ན་གཞོན་རྣམས་ཀྱིས་གཞུང་ཞབས་སམ་ལས་བྱེད་པ་ཁོ་ནའི་ལས་གནས་ལ་མི་དམིགས་པར། ཁོ་ཚོར་རང་ཡུལ་གྱི་ཚོང་ལས་རང་གིས་སྣེ་ཁྲིད་རྒྱུར་སྐུལ་མ་བྱ་རྒྱུ།
  • ང་ཚོས་བོད་རང་གི་སྲོལ་རྒྱུན་གྱི་ཞིང་ཕྱུགས་ལས་དེང་རབས་ཅན་གྱི་ཚོང་ལས་ཀྱི་ངོ་བོར་བསྒྱུར་རྒྱུ། སྨན་རྫས་ཀྱི་ཐོན་ཁུངས་དང་། ས་ཆའི་བདག་དབང་སོགས་དུས་དང་འཚམ་པའི་ངང་བེད་སྤྱོད་དང་། རྒྱུན་འཛིན། སྲུང་སྐྱོབ་བཅས་བྱ་རྒྱུ།
  • བོད་ཀྱི་ཁྱིམ་ཚང་མང་པོས་མཉམ་འབྲེལ་གྱི་ཐོག་ནས་སྤྱི་ཚོགས་ལ་ཕན་བདེ་སྐྲུན་ཐུབ་པའི་ཁེ་ལས་ཆུང་ཆུང་གི་རིགས་རྒྱ་བསྐྱེད་རྒྱུན་བསྲིང་བྱ་རྒྱུ།
  • ང་ཚོས་རང་ཡུལ་ནས་བྱུང་བའི་རྒྱུ་ཆ་ཚོང་སྒྱུར་བྱ་རྒྱུ་གཅིག་པོ་མ་ཡིན་པར། བོད་རང་གི་ཟོང་རྟགས་ཅན་གྱི་ཐོན་རྫས་གསར་གཏོད་བྱ་རྒྱུ་དང་། རྒྱུ་ཆ་དེ་དག་ཚོང་རྫས་ཀྱི་ངོ་བོར་ལས་སྣོན་གྱིས་ཚོང་སྒྱུར་བྱ་རྒྱུ།
  • བརྡ་འཕྲིན་ལག་རྩལ་སྤྱད་ནས་བོད་ཀྱི་ཚོང་རྫས་དག་དྲ་ལམ་ནས་ཚོང་སྒྱུར་བྱ་རྒྱུ་དང་ལག་རྩལ་དར་སྤེལ་བྱ་རྒྱུ། ས་གནས་ཀྱི་ཚོང་ལས་ཡར་རྒྱས་སུ་བཏང་སྟེ་ཚོང་གི་ཁྲོམ་ར་སྣ་ཚོགས་རྒྱ་ནང་དང་དེ་ལས་བརྒལ་བའི་ས་ཆར་རྒྱ་བསྐྱེད་རྒྱུ།
  • སྲིད་གཞུང་གི་དབང་དུ་མ་ཕྱིན་པར་བོད་པ་རང་གིས་སྣེ་ཁྲིད་ཅིང་། སྲོལ་རྒྱུན་གྱི་ཤེས་ཡོན་དང་ལག་ལེན་རྨང་གཞི་བྱས་ཤིང་དེ་ལ་བརྩི་འཇོག་ཚད་ལྡན་ངང་འཕེལ་རྒྱས་གཏོང་བཞིན་པའི་ལས་དོན་ཀྱི་རིགས་ལ་གཙིགས་ཆེན་དང་རྒྱབ་སྐྱོར་བྱ་རྒྱུ།

  • བོད་མིའི་བདེ་སྡུག་དང། བོད་ཀྱི་རིག་གནས་རྒྱུན་འཛིན། བོད་མིའི་མངའ་ཐང་བདག་དབང་། ཕ་མེས་ནས་བརྒྱུད་པའི་ས་ཆའི་བདག་དབང་སྲུང་འཛིན་བཅས་གཞི་ལ་བཞག་པའི་དཔལ་འབྱོར་གྱི་ལམ་ཁ་ཞིག་གསར་སྐྲུན་བྱས་ཏེ། བོད་མི་རྣམས་ལ་འཚོ་གནས་ཡར་རྒྱས་ཀྱི་གོ་སྐབས་མང་པོ་འཚོལ་རྒྱུ་དང་། བོད་ཀྱི་ཤེས་རིག་དུས་དང་མཐུན་པའི་ངང་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་དགོས་ལ། དེ་ལྟར་བྱུང་ཚེ་ང་ཚོ་ཐུན་མོང་གི་འཚོ་གནས་ལམ་ཁ་མང་རུ་འགྲོ་ཞིང་། ཕྱི་རྐྱེན་གྱི་བཀག་རྒྱ་ལས་བརྒལ་ནས་རང་མགོ་རང་ཐོན་གྱི་དཔལ་འབྱོར་ནུས་པ་སྟོབས་དང་ལྡན་པ་ཞིག་སྐྲུན་ཐུབ།

    རང་མགོ་རང་ཐོན་གྱི་དཔལ་འབྱོར་ལམ་ལུགས་ཤིག་འཛུགས་སྐྲུན་བྱེད་པར་ང་ཚོས་ངེས་པར་དུ་རང་བདག་གི་ངོས་ནས་རྒྱུ་ནོར་དོ་དམ་དང་གཉེར་སྐྱོང་བྱ་རྒྱུར་མཐོང་ཆེན་བྱ་རྒྱུ་དང་། དེ་དང་མཉམ་དུ་ང་ཚོས་རང་རྐྱ་འཕེར་བའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་འདིང་དགོས་ལ། འདིི་ལྟར་བྱས་ན་ང་ཚོ་རྒྱལ་ཁབ་ཀྱི་རོགས་དངུལ་གཅིག་པོར་བརྟེན་རྒྱུ་ཤུགས་ཆུང་རུ་འགྲོ་བ་དང་བོད་རང་གི་དངོས་ཡོད་གནས་སྟངས་གཞི་ལ་བཞག་པའི་དཔལ་འབྱོར་ལམ་ལུགས་ཤིག་འཛུགས་སྐྲུན་བྱ་ཐུབ་པ་གཤམ་གསལ་ལྟར་རོ།།

    རང་མགོ་རང་ཐོན་གྱི་དཔལ་འབྱོར་ལམ་ལུགས་ཤིག་འཛུགས་སྐྲུན་བྱེད་པར་ང་ཚོས་ངེས་པར་དུ་རང་བདག་གི་ངོས་ནས་རྒྱུ་ནོར་དོ་དམ་དང་གཉེར་སྐྱོང་བྱ་རྒྱུར་མཐོང་ཆེན་བྱ་རྒྱུ་དང་། དེ་དང་མཉམ་དུ་ང་ཚོས་རང་རྐྱ་འཕེར་བའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་འདིང་དགོས་ལ། འདིི་ལྟར་བྱས་ན་ང་ཚོ་རྒྱལ་ཁབ་ཀྱི་རོགས་དངུལ་གཅིག་པོར་བརྟེན་རྒྱུ་ཤུགས་ཆུང་རུ་འགྲོ་བ་དང་བོད་རང་གི་དངོས་ཡོད་གནས་སྟངས་གཞི་ལ་བཞག་པའི་དཔལ་འབྱོར་ལམ་ལུགས་ཤིག་འཛུགས་སྐྲུན་བྱ་ཐུབ་པ་གཤམ་གསལ་ལྟར་རོ།།

    བོད་པ་རང་གི་ཁེ་ལས་དང་མཉམ་འབྲེལ་ཁེ་ལས་ཡར་རྒྱས་གཏོང་རྒྱུ་དང་། བོད་ཀྱི་ཐུན་མིན་རིག་གནས་རྒྱུན་འཛིན། རང་བྱུང་ཐོན་ཁུངས་སྲུང་སྐྱོབ་བྱ་རྒྱུ་དང་འབྲེལ་ནས་དཔལ་འབྱོར་ནུས་ཤུགས་ཡར་རྒྱས་གཏོང་རྒྱུ།

  • རོང་རྫས་དང་འབྲོག་རྫས་སམ་འབྲུ་རིགས་དང་འོ་མ་སོགས་བོད་ཀྱི་ཞིང་ཕྱུགས་ལས་གཉིས་ཀྱི་ཐོན་རྫས་དང། ལག་ཤེས་ཐོན་རྫས་སྣ་ཚོགས་ཀྱི་ཚོང་ར་རྒྱ་བསྐྱེད་རྒྱུ།
  • ཐབས་ལམ་གསར་བ་དང་ལག་རྩལ་གསར་བ་ནང་འདྲེན་བྱས་ཏེ་བོད་ཀྱི་ཁེ་ལས་བར་གྱི་འགྲན་རྩོད་དང་རྒྱུན་བསྲིང་གི་ནུས་པ་ཆེ་རུ་གཏོང་རྒྱུ།
  • སློབ་སྦྱོང་གི་ཆེད་དུ་མ་རྩ་མང་པོ་གཏོང་རྒྱུ་དང་། ལག་ལེན་གྱི་ཆེད་དུ་ཟབ་སྦྱོང་གང་མང་སྤྲད་ནས་ང་ཚོའི་ན་གཞོན་རྣམས་ཀྱིས་གནའ་དེང་ཟུང་འབྲེལ་གྱི་ལམ་ནས་ལས་དོན་སྒྲུབ་ཐུབ་པར་བྱ་རྒྱུ།
  • ང་ཚོས་འདི་ལྟ་བུའི་དཔལ་འབྱོར་འཛུགས་སྐྲུན་གྱི་ལམ་ཁ་ཞིག་བརྒྱུད་ནས་ཁེ་ཚོང་སོགས་ལས་དོན་ཅི་ཞིག་ཡིན་རུང་འཕྲལ་ཕུགས་གཉིས་སུ་བོད་མི་ལ་ཕན་པ་ཞིག་དང་། བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་ཐུབ་པ། ང་ཚོའི་ཐོན་ཁུངས་ང་ཚོར་དབང་བ་དང་ང་ཚོའི་འཚོ་ཐབས་ཀྱི་ལམ་ཁ་ང་ཚོ་རང་ཉིད་ཀྱིས་བདམས་ཆོག་པ་ཞིག་བྱ་རྒྱུ་དེ་རེད། འདི་ནི་ང་ཚོའི་འཚོ་ཐབས་གཅིག་པུའི་ཆེད་དུ་མ་ཡིན་པར། མ་འོངས་པར་བོད་མི་རྣམས་ཀྱིས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མ་བོར་ཞིང་། རང་ས་རང་ཡུལ་དུ་རང་དབང་དང་བརྩི་མཐོང་ཡོད་པའི་སྒོ་ནས་བུ་རབས་ཚ་རྒྱུད་འཚོ་གནས་བྱ་ཐུབ་པའི་ཆེད་དུ་ཡིན་ནོ།

    གཤམ་ཏུ་དེང་སྐབས་བོད་མི་རྣམས་ཀྱི་འཚོ་བའི་བརྟེན་ས་དང་དཔལ་འབྱོར་གྱི་ཡོངས་ཁུངས་གཙོ་བོར་གྱུར་བའི་ཞིང་ལས་དང་། དབྱར་རྩྭ་དགུན་འབུའི་ཚོང་ལས། ལག་ཤེས་ཐོན་རྫས། རང་བྱུང་ཁོར་ཡུག་དང་མཐུན་པའི་ཡུལ་སྐོར་སྤྲོ་འཆམ། འབྲོག་ལས་ཐོན་རྫས་སོགས་ཀྱི་སྐོར་ནས་ཞིབ་འཇུག་བྱས་ཡོད། ལས་རིགས་འདི་དག་གི་ཁྱབ་ཁོངས་སུ་ང་ཚོས་མུ་མཐུད་དུ་འཆར་གཞི་ལྡན་པའི་ངང་ཡར་རྒྱས་གཏོང་ཐུབ་སྟེ། ས་གནས་དང་འཚམ་པའི་ལག་རྩལ་བརྒྱུད་རྒྱུན་བསྲིང་ནས་ཞིང་ལས་འཕེལ་རྒྱས་གཏོང་ཐུབ་པ་དང་། དབྱར་རྩྭ་དགུན་འབུ་ཡང་བར་ཁེ་ཟ་མཁན་མེད་པའི་ཐོག་བོད་མི་རང་གིས་ཐད་ཀར་ལས་སྣོན་དང་ཚོང་སྒྱུར་བྱ་ཐུབ་ཚེ་ཚོང་གི་ཁེ་ཕན་མང་པོ་འཐོབ་ཐུབ་པ། བོད་ས་རང་གི་ལག་ཤེས་བཟོ་ལས་རྒྱ་བསྐྱེད་བྱ་ཐུབ་ཚེ་སྲོལ་རྒྱུན་རིག་རྒྱུན་འཛིན་བྱེད་པའི་ཞོར་དུ་ལས་ཞུགས་ཀྱི་གོ་སྐབས་ཡང་སྐྲུན་ཐུབ་པ། བོད་ཡུལ་ནི་ས་རྒྱ་ཆེ་ཞིང་རང་བྱུང་ཁོར་ཡུག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་ཡུལ་སྐོར་ལས་རིགས་གཉེར་རྒྱུའི་མཐུན་རྐྱེན་དང་གོ་སྐབས་མང་པོ་ཡོད་ལ། ཞིང་ལས་དང་འབྲོག་ལས་བརྒྱུད་ནས་བྱུང་བའི་མར་ཆུར་འོ་གསུམ་སོགས་ལ་ལས་སྣོན་གྱིས་ཚོང་རྫས་སུ་བསྒྱུར་ཐབས་ལ་འབད་རྒྱུ་ནི་ང་ཚོ་བོད་ཀྱི་དཔལ་འབྱོར་འདི་སྤྱིའི་ཆ་ནས་རང་མགོ་རང་ཐོན་་ཞིག་བྱ་ཐུབ་རྒྱུའི་ལམ་ཁ་གལ་ཆེན་དག་གོ།

    བོད་ཀྱི་ཞིང་ལས་དཔལ་འབྱོར་གྱི་མ་དཔེ།

    བོད་ཀྱི་ཞིང་ལས་དཔལ་འབྱོར་ནི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་རིམ་གྱིས་འཕེལ་རྒྱས་ཕྱིན་ཏེ། རང་ཁ་རང་གསོའི་ངོ་བོའི་ཐོག་གནས་ཐུབ་པའི་མ་ལག་ཅིག་ཡོངས་སུ་གྲུབ་ཡོད་ལ། ལས་ལ་བརྩོན་པའི་རང་རེའི་ཞིང་པ་ཚོས་མི་རབས་ནས་མི་རབས་བར་འཚོ་བཅུད་ཕུན་སུམ་ཚོགས་པའི་འབྲུ་རིགས་སྣ་ཚོགས་ཐོན་སྐྱེད་བྱས་ཏེ། བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་སྲ་བརྟན་དང་རྒྱུན་འཁྱོངས་བྱེད་ཐུབ་ཡོད། འོན་ཀྱང་། ཉེ་བའི་ལོ་ཤས་ཀྱི་ནང་དུ། བོད་མི་མང་པོ་གཅིག་རྗེས་གཉིས་མཐུད་དུ་གྲོང་ཁྱེར་དང་། གྲོང་བརྡལ་ཁག་ཏུ་གནས་སྤོ་བྱས་པའི་རྒྱུ་མཚན་གྱིས། རང་ཉིད་ཀྱི་ཕ་མེས་གནང་བའི་ཞིང་ས་གཤིན་པོ་དག་བསྐྱུར་ནས་གྲོང་ཁྱེར་ནང་གི་གླ་ཕོགས་ལ་བརྟེན་དགོས་བྱུང་ཡོད། ཐོད་བརྒལ་གྱི་འགྱུར་འགྲོས་འདིས་ཐུན་མོང་མ་ཡིན་པའི་ས་མཐོའི་ཟས་རིགས་ཐོན་སྐྱེད་པ་དག་གློ་བུར་དུ་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཟས་རིགས་ལ་ཤུགས་ཆེར་བརྟེན་དགོས་པའི་འཛད་སྤྱོད་པ་ཤ་སྟག་ཏུ་བསྒྱུར་ཡོད།

    རྒྱ་ནང་གི་ཟས་རིགས་ཐོན་ཁུངས་ལ་བརྟེན་ཤུགས་ཆེ་རུ་ཕྱིན་པ་དེས།

      * མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་གནང་བའི་ཞིང་སའི་བདག་དབང་ཤོར་བ་དང་། ས་གནས་ཀྱི་ཟས་རིགས་ཐོན་སྐྱེད་ཇེ་ཞན་དུ་བཏང་ཡོད།

      * རང་བྱུང་གི་གནོད་འཚེ་དང་གོ་ལ་ཧྲིལ་པོའི་བཟའ་ཆས་ཀྱི་དཀའ་ངལ་སོགས་ཀྱི་གནོད་སྐྱོན་ཕོག་ཚད་ཆེ་རུ་ཕྱིན་ཡོད།

      * བཟོ་གྲྭར་ལས་སྣོན་བྱས་ཤིང་ནང་འདྲེན་བྱས་པའི་ཟས་རིགས་འདྲ་མིན་གྱིས་གཅིན་སྙི་དང་། ཁྲག་རྩ་མཐོ་བའི་ནད། རུས་ལྷག མཁལ་རྡོ་སོགས་ཀྱི་ནད་རིགས་སྣ་མང་སྣ་འདྲེན་བྱས་ཏེ། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཕྲོད་བསྟེན་གྱི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད།


    མིག་སྔར་གྱི་དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་པའི་ཆེད་དུ། བོད་ཀྱི་ཞིང་པ་ཚོས་རང་ཉིད་ཀྱི་ས་ཞིང་བདག་བཟུང་བྱེད་པ་དང་དུས་མཚུངས་སུ། རང་གི་ཟས་རིགས་རང་གིས་ཐོན་སྐྱེད་བྱེད་ཀྱི་ཡོད་པའི་འདས་སོང་གི་ངོ་བོ་དེ་སླར་གསོ་བྱེད་དགོས། ཟས་རིགས་བདེ་འཇགས་དང་། དཔལ་འབྱོར་བརྟན་ལྷིང་། ལུས་པོའི་བདེ་ཐང་བཅས་ལ་འགན་ལེན་བྱེད་པར་གསར་གཏོད་དང་། རྒྱུན་སྐྱོང་། ཁེ་སྤོགས་ཡོད་པའི་ཞིང་ལས་འདེབས་འཛུགས་ཀྱི་ལག་ལེན་ཞིག་གི་ཐོག་ཏུ་ཁ་ཕྱོགས་བསྒྱུར་དགོས་པས། སྲོལ་རྒྱུན་གྱི་ཞིང་ལས་ཤེས་བྱ་དང་དེང་རབས་ཀྱི་ཚན་རིག་ལག་རྩལ་ཟུང་འབྲེལ་བྱས་ཚེ། ཞིང་པ་ཚོས་མ་འོངས་པའི་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་པའི་བརྟན་འཇགས་རང་བཞིན་གྱི་རང་ཁ་རང་གསོའི་ཞིང་ལས་དཔལ་འབྱོར་འཛུགས་སྐྲུན་བྱེད་ཐུབ།

    གཤམ་གྱི་དབྱེ་ཞིབ་སྣ་བཞི་འདིས། བོད་རིགས་ཞིང་པ་ཚོའི་ཞིང་ལས་ཐབས་རྩལ་ཁྲོམ་ར་ཅན་དུ་བསྒྱུར་བར་སྟོབས་ཤུགས་དང་ཞན་ཆ། དེ་བཞིན་གོ་སྐབས་དང་ཉེན་ཁ་སོགས་གང་དག་ཡོད་མེད་གསལ་སྟོན་བྱས་ཡོད།

    བོད་ཀྱི་སོ་ནམ་ལས་རིགས་ཀྱི་དབྱེ་ཞིབ་སྣ་བཞི།

    སྟོབས་ཤུགས།ཞན་ཆ། གོ་སྐབས།ཉེན་ཁ།
    ལོ་རྒྱུས་ཐོག་རང་ཁ་རང་གསོའི་ཞིང་ལས་ལམ་ལུགས་ལྡན། གྲོང་ཁྱེར་དུ་གནས་སྤོ་བྱས་ཏེ་ཞིང་ལས་དོར་བ།ཡུན་གནས་ཐུབ་པའི་དེང་རབས་ཀྱི་ཞིང་ལས་ལག་རྩལ་མཉམ་བསྲེས་བྱེད་པ།རང་བྱུང་གི་གནོད་འཚེ་དང་གོ་ལ་ཧྲིལ་པོའི་བཟའ་ཆས་ཀྱི་ཆག་འཇིག
    ས་གནས་ཀྱི་གནམ་གཤིས་དང་འཚམ་པའི་འཚོ་བཅུད་ཕུན་སུམ་ཚོགས་པའི་ཟས་རིགས་ཐོན་སྐྱེད་བྱེད་ཐུབ།རྒྱ་ནང་ནས་ནང་འདྲེན་བྱས་པའི་ཟས་རིགས་ལ་བརྟེན་པ།སྐྱེ་ལྡན་དང་ས་གནས་ནས་ཐོན་པའི་ཟས་རིགས་ཀྱི་དགོས་མཁོ་ཆེ་རུ་འགྲོ་བ།ཐོན་སྐྱེད་ཁྲོད་དུ་སྤུས་ཀ་ཚད་ལྡན་མིན་པ་དང་། ཚོད་འཛིན་མི་འདང་བ།
    སྲོལ་རྒྱུན་གྱི་ཞིང་ལས་ཤེས་བྱ་དང་རིག་གནས་ཕྱུག་པོ་ཡོད།མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་གནང་བའི་ཞིང་སའི་བདག་དབང་ཤོར་བ།སྲོལ་རྒྱུན་གྱི་ཞིང་ལས་སླར་གསོ་བྱས་ཏེ་ཟས་རིགས་བདེ་འཇགས་མཐོར་འདེགས་གཏོང་བ།སྲིད་གཞུང་གི་སྲིད་ཇུས་དང་ས་ཞིང་བེད་སྤྱོད་བྱེད་ཕྱོགས་ཀྱི་འཕོ་འགྱུར་དབང་གིས་ཞིང་ལས་ལ་ཤུགས་རྐྱེན་ཐེབས་པ།
    སྐྱེ་ལྡནདང་ཡུན་གནས་ཐུབ་པའི་ཞིང་ལས་འདེབས་འཛུགས་ཀྱི་ནུས་པ་ལྡན།ཞིང་པ་ཚོར་གཞི་ཁྱོན་ཆེ་བའི་ཐོན་སྐྱེད་བྱེད་པར་དགོས་ངེས་ཀྱི་སྦྱོང་བརྡར་དང་གོ་རྟོགས་འདང་ངེས་མེད་པ།ཞིང་ལས་ཡུལ་སྐོར་དང་ས་གནས་ཀྱི་མཉམ་སྒྲུབ་ཚོང་སྡེའི་ནུས་པ།རྒྱ་ནང་ནས་གཞི་ཁྱོན་ཆེ་བའི་ནང་འདྲེན་བྱེད་མཁན་མང་བའི་འགྲན་རྩོད།
    སྐྱེ་ལྡན་ཐོན་རྫས་ཀྱི་ཁྲོམ་རའི་དགོས་མཁོ་ཆེ།དེང་རབས་ཀྱི་ཞིང་ལས་ལག་རྩལ་དང་རྨང་གཞིའི་སྒྲིག་བཀོད་ལ་ཚད་བཀག་ཡོད་པ།དྲ་ཐོག་གི་ཚོང་དོན་དང་ཐད་ཀར་འཛད་སྤྱོད་པའི་ཁྲོམ་ར།རིན་གོང་དམའ་བའི་ཞིང་ལས་ཐོན་རྫས་རྫུན་མ་མང་བ།

    *SWOT ནི། དབྱིན་ཡིག་གི་སྟོབས་ཤུགས་དང་ཞན་ཆ། གོ་སྐབས་དང་ཉེན་ཁ་བཅས་ཀྱི་བསྡུས་ཚིག་ཅིག་ཡིན།


    གསར་གཏོད།


    1. རིག་ནུས་ཆུ་འདྲེན་དང་ཆར་ཆུ་གསོག་མཛོད།
    སྐམ་སའི་ས་ཁུལ་དུ་ཆུ་དཀོན་པོ་ཆགས་པ་དེ་དཀའ་ངལ་ཆེན་པོ་ཞིག་ཡིན་ལ། དབྱི་སི་རལ་གྱིས་ཚོར་ཆས་ལ་གཞི་བཅོལ་བའི་རིག་ནུས་ཆུ་འདྲེན་གྱི་ཚན་རྩལ་བེད་སྤྱད་དེ་དཀའ་ངལ་དེ་་ཐག་གཅོད་བྱས་པ་མ་ཟད། ཞིང་ལས་ཐོན་སྐྱེད་ཀྱི་ཐད་ནས་འཛམ་གླིང་གི་སྣེ་ཁྲིད་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ཧ་ཅང་མགྱོགས་པོ་དང་ཆུའི་ཐོན་ཁུངས་ཇེ་ཉུང་དུ་འགྲོ་བཞིན་པའི་སྐབས་འདིར། བོད་ཀྱི་ཞིང་པ་ཚོས་དེ་མཚུངས་ཀྱི་རིག་ནུས་ཆུ་འདྲེན་གྱི་ཐབས་ལམ་ལག་ལེན་ལག་བསྟར་བྱས་ཏེ། ཆུ་བསྲི་ཚགས་དང་ངལ་རྩོལ་ཉུང་དུ་གཏོང་བ་དང་མཉམ་དུ། ཐོན་འབབ་མཐོ་རུ་གཏོང་དགོས། ཆར་ཆུ་གསོག་འཇོག་བྱེད་པའི་ཆེད་དུ་ཆུ་མཛོད་བསྐྲུན་པ་ནི་ཐན་སྐྱོན་སྐབས་སུ་ཆུ་མཁོ་སྤྲོད་འདང་ངེས་ཡོང་བར་ཁག་ཐེག་བྱེད་པ་ལའང་ཧ་ཅང་གལ་ཆེ།


    2. ཆུ་འདེབས་ཞིང་ལས་མ་ལག
    རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱ་བསྐྱེད་ཀྱི་དབང་གིས་ལོ་རེ་ནས་ལོ་རེར་ཞིང་སའི་གཞི་ཁྱོན་ཆུང་དུ་འགྲོ་གི་ཡོད་སྟབས། ཆུ་འདེབས་ཞིང་ལས་དང་གྱེན་འདེབས་(དྲང་འཕྱང་)་ཞིང་ལས་ལྟ་བུའི་ཚན་རིག་གི་ཐབས་ལམ་བརྒྱུད་ནས་ཚོད་འཛིན་བྱས་པའི་ཁོར་ཡུག་ཅིག་གི་ནང་དུ་ལོ་ཧྲིལ་པོར་ཐོན་སྐྱེད་བྱེད་ཐུབ་པས་ཁེ་སྤོགས་ཐོབ་པར་ཁག་ཐེག་བྱེད་པ་དང་ས་ཞིང་ལ་བརྟེན་པའི་ཚད་གཞི་ཉུང་དུ་གཏོང་ཐུབ།


    3. འབུ་སྲིན་ཚོད་འཛིན་གྱི་ཐབས་ལམ།
    འབུ་སྲིན་དང་ནད་རིགས་ཀྱིས་ཞིང་ལས་ཐོན་སྐྱེད་ལ་ཉེན་ཁ་ཆེན་པོ་བཟོ་གི་ཡོད་སྟབས། དུས་རྒྱུན་ཞིང་པ་ཚོས་འབུ་སྲིན་འགོག་བྱེད་ཀྱི་དུག་རྫས་ཚད་ལས་བརྒལ་བ་བེད་སྤྱོད་གཏོང་གི་ཡོད། ཡིན་ནའང་ལག་ལེན་འདིའི་རྐྱེན་གྱིས་ཤིང་ཏོག་དང་ཟས་རིགས་ཀྱི་ནང་དུའང་དུག་རྫས་ཀྱི་ལྷག་རོ་མང་དུ་གཏོང་གི་ཡོད་པས་མིའི་བདེ་ཐང་ལ་ཉེན་ཁ་བཟོ་གི་ཡོད། ཟས་རིགས་ཀྱི་བདེ་འཇགས་འགན་ལེན་དང་སྐྱེ་ཁམས་དོ་མཉམ་སྲུང་སྐྱོང་བྱེད་ཆེད་ཞིང་པ་ཚོས་གནོད་འཚེ་ཅན་གྱི་དུག་རྫས་བཀོལ་སྤྱོད་བྱེད་རྒྱུའི་ཚབ་ཏུ། རང་བྱུང་གི་གནོད་འབུ་གསོད་མཁན་གྱི་སྲོག་ཆགས་བེད་སྤྱད་དེ་ཡུན་གནས་ཐུབ་པའི་གནོད་འབུ་བཀག་འགོག་གི་བྱེད་ཐབས་སྤྱོད་དགོས། ཐབས་ལམ་འདིས་ཞིང་ལས་ཀྱི་འགྲོ་གྲོན་ཉུང་དུ་གཏོང་ཐུབ་པ་མ་ཟད། ས་ཞིང་གཤིན་པོ་རྒྱུནའཁྱོངས་བྱས་ཏེ་ཡུན་རིང་གི་ཁེ་སྤོགས་བསྐྲུན་ཐུབ།

    4. འཁྱགས་ཟས་ཁྲོམ་ར།
    ཞིང་ལས་ཀྱི་ཐོན་རྫས་དེ་དག་འཕྲོ་བརླག་འགྲོ་སླ་པོ་ཡོད་པས། ཐོན་རྫས་ཕྱིར་ཚོང་གི་སྔ་རྗེས་བར་གསུམ་དུ་ཞིང་པ་ཚོར་གྱོང་གུན་ཆེན་པོ་ཕོག་གི་ཡོད། དེ་ཁར། བོད་ཀྱི་ནམ་ཟླ་རྩུབ་པོའི་རྐྱེན་གྱིས་དགུན་དུས་ལོ་ཏོག་ཐོན་སྐྱེད་ལ་ཚད་བཀག་ཡོད། འཁྱགས་བཟོའི་ལག་རྩལ་ལ་མ་རྩ་བཙུགས་ན། དུས་ཚིགས་རེ་རེའི་ཞིང་ལས་ཐོན་རྫས་ཁག་ལོ་འཁོར་མོ་ཡུག་ཏུ་སོས་པ་ཐོབ་ཐུབ་པར་ཁག་ཐེག་བྱེད་ཐུབ་པ་དང་། ནམ་རྒྱུན་ཐོན་རྫས་མང་པོ་ཞིག་བཙོངས་མ་ཐུབ་པར་འཕྲོ་བརླག་འགྲོ་གི་ཡོད་པའི་དེ་ཚོའང་ཉུང་དུ་གཏོང་ཐུབ། བོད་ཀྱི་གྲོང་ཁྱེར་གྱི་མི་འབོར་མུ་མཐུད་དུ་འཕར་བཞིན་པའི་སྐབས་འདིར། འཁྱགས་ཟས་བཟོ་གྲྭ་ཁག་གིས་བོད་མི་མང་པོར་འཁྱགས་ཟས་ལས་སྣོན་དང་འགྲེམས་སྤེལ་གྱི་ཐད་དུ་ལས་ཀའི་གོ་སྐབས་བསྐྲུན་ཐུབ། གྲོང་ཁྱེར་་དང་གྲོང་རྡལ་ཁུལ་ཁག་ཏུ་སྟབས་བདེའི་ཟས་རིགས་ཀྱི་དགོས་མཁོ་ཇེ་ཆེར་བཞིན་ཡོད་པའི་དབང་གིས། འཁྱགས་ཟས་ཁྲོམ་ར་རྒྱ་སྐྱེད་གཏོང་རྒྱུ་ནི་དེང་རབས་ཀྱི་འཚོ་བའི་གོམས་གཤིས་དང་མཐུན་པོ་ཡོད། ཧྥ་རན་སི་རྒྱལ་ཁབ་ནང་གི་པི་ཀར་འཁྱགས་ཟས་ཁྲོམ་ར་ནི་འཛམ་གླིང་གི་མིག་དཔེ་ལྟ་འོས་པའི་དཔེ་བཟང་ཞིག་ཡིན་པས། དེའི་སྐོར་ལ་སློབ་སྦྱོང་བྱས་ཏེ་བསླབ་བྱ་ལེན་རྒྱུ་གལ་ཆེ།


    ཁེ་སྤོགས།


    5. སྤུས་ཚད་མཐོ་བའི་སྐྱེ་ལྡན་ཐོན་རྫས།
    བོད་ཀྱི་ཕ་མ་ཚོར་མཚོན་ན། ཟས་རིགས་ལས་བྱུང་བའི་ནད་རིགས་ནི་སེམས་ཁྲལ་ཆེན་པོ་ཞིག་ཡིན་ཏེ། རྒྱུ་མཚན་ནི། ཟས་རིགས་དང་འབྲེལ་བའི་ན་ཚའི་དབང་གིས་ལོ་ཧྲིལ་པོར་སྨན་ཁང་ནང་བྱིས་པས་ཁེངས་བསྡད་ཡོད། དེ་བས་བོད་ཀྱི་ཞིང་པ་ཚོས་ལོ་ཆུང་བྱིས་པ་དང་ཕྲུ་གུ་མ་འབྱར་ཚོའི་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་པའི་ཆེད་དུ་ས་གནས་ནས་ཐོན་པའི་རང་བྱུང་ཤིང་ཏོག་དང་སྔོ་ཚལ། འབྲུ་རིགས་ཐོན་སྐྱེད་བྱེད་པར་ནུས་པ་འདོན་དགོས། ས་གནས་ཀྱི་རང་བྱུང་རྒྱུ་ཆ་རྣམས་རིན་ཐང་འཕར་མ་ཅན་གྱི་བཟའ་བཅའི་ཐོན་རྫས་སུ་བསྒྱུར་ན་ཁྲོམ་ར་རྒྱ་སྐྱེད་གཏོང་ཐུབ་པ་མ་ཟད། སྐྱེ་ལྡན་ལག་ཁྱེར་འཐོབ་ཐབས་བྱས་ན། འཛད་སྤྱོད་པའི་ཡིད་ཆེས་མཐོར་འདེགས་དང་ཡུན་རིང་གི་ཁེ་སྤོགས་གོང་མཐོར་གཏོང་ཐུབ་པས། དེའི་ཐོག་ཏུ་བསམ་བཞེས་གནང་རྒྱུ་གལ་ཆེ།


    (པེ་ཅིང་ཝུའུ་ཀྲོའུ་ཧེང་ཐུང་དཔང་ཡིག་འགན་ལེན་ཚད་ཡོད་ཀུང་སི 北京五洲恒通认证有限公司 ནི་ཀྲུང་གོའི་སྐྱེ་ལྡན་དཔང་ཡིག་སྤྲོད་མཁན་གཙོ་བོ་ཞིག་ཡིན།)


    ལྷག་པར་དུ། ནང་མིའི་བདེ་ཐང་གཙིགས་སུ་འཛིན་མཁན་གྱི་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཛད་སྤྱོད་པར་ཐོན་རྫས་འདི་དག་ཚོང་འགྲེམས་བྱས་ན། རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་ཏུ་མཐོ་སྒང་གི་ཐོན་རྫས་འགྲོ་རྒྱུག་ཆེན་པོ་བཟོ་ཐུབ་པ་དང་། ཕྱིར་ཚོང་ཁྲོམ་ར་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་ཐུབ། རྒྱལ་ཁབ་་ཁོར་ཡུག་སྲུང་སྐྱོབ་སྤྱི་ཁྱབ་ཅུས་ (国家环境保护总局) ནི་ཀྲུང་གོའི་སྐྱེ་ལྡན་ཞིང་ལས་ལ་སྐུལ་འདེད་གཏོང་མཁན་གཙོ་བོ་ཞིག་ཡིན་པའི་ཆ་ནས། ཞིང་པ་ཚོས་སྐྱེ་ལྡན་ཞིང་ལས་ཀྱི་ཆེད་དུ་དངུལ་དང་ཐོན་ཁུངས་ངོས་ཐད་ཀྱི་རོགས་སྐྱོར་ཡོད་མེད་རྩད་ཞིབ་བྱེད་དགོས།


    6. ཐུམ་སྒྲིལ་ཟས་རིགས་ཐོན་རྫས།
    ཞིང་ལས་ཀྱི་ཐོན་རྫས་ཤིང་ཏོག་དང་སྔོ་ཚལ། འབྲུ་རིགས་སོགས་ཐད་ཀར་བཙོངས་ན་ཁྲོམ་རའི་རིན་གོང་དམའ་པོ་ཡོད་པའི་རྐྱེན་གྱིས་ཁེ་འབབ་ཉུང་ཉུང་ལས་མེད། དེའི་ཚབ་ཏུ་ཞིང་པ་ཚོས་ཐུམ་སྒྲིལ་ཟས་རིགས་བཙོང་རྒྱུར་ཤུགས་སྣོན་བརྒྱབ་ཚེ། ལས་ཀ་དང་ལག་རྩལ་འཕེལ་རྒྱས་གཏོང་བའི་གོ་སྐབས་གསར་པ་བསྐྲུན་ཐུབ། བོད་ཀྱི་བུད་མེད་ཚོས་གྲོང་ཁྱེར་ནང་གི་གཙང་བཟོའི་ལས་ཀ་ཁོ་ན་ཙམ་མ་ཡིན་པར། ཟས་རིགས་ལས་སྣོན་དང་། དྲ་ཐོག་ཚོང་ལས། ཟས་རིགས་འགྲེམས་སྤེལ། ཐུམ་སྒྲིལ་ཇུས་བཀོད། ད་དུང་། གལ་ཆེ་ཤོས་ནི་འགྱིག་ཁུག་བེད་སྤྱོད་བྱེད་རྒྱུ་མང་དྲགས་པས་ཁོར་ཡུག་ལ་གནོད་སྐྱོན་འབྱུང་བཞིན་པ་དེར་གདོང་ལེན་བྱེད་ཆེད། བསྐྱར་སྤྱོད་ཐུབ་པའི་ལག་བཟོས་ཁུག་མ་སོགས་ཐོན་སྐྱེད་བྱས་ཚེ། སྤྱི་ཚོགས་དང་ཁོར་ཡུག དཔལ་འབྱོར་སོགས་ཕྱོགས་ངོས་གང་ཐད་ནས་འབྲས་བུ་གཡུར་དུ་ཟ་བ་ལེན་ཐུབ། དེ་མིན། ཐུམ་སྒྲིལ་ཟས་རིགས་ཀྱིས་ཞིང་ལས་ཐོན་རྫས་ཀྱི་རྒྱུ་ཆའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐྲུན་ངེས་ལ། དེས་གཞོན་སྐྱེས་ཚོ་ཞིང་ལས་ལས་རིགས་ཀྱི་ནང་མུ་མཐུད་དུ་ཞུགས་པར་སྐུལ་འདེད་གཏོང་སྲིད། ཐུམ་སྒྲིལ་ཟས་རིགས་འཕྲོད་བསྟེན་ངོས་ཐད་ནས་བདེ་འཇགས་ཡིན་ལ། སྐྱེལ་འདྲེན་བྱེད་བདེ་བས་ཕྱིར་ཚོང་ལས་རིགས་དང་དྲ་ལམ་གྱི་ཚོང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ནུས། ཐུམ་སྒྲིལ་ཟས་རིགས་ཀྱི་ཕྱི་ཐུམ་ཐོག་ཏུ་ཟས་རིགས་གང་དེའི་འཕྲོད་བསྟེན་གྱི་ཕན་འབྲས་ཁ་གསལ་འཁོད་ཚེ། གཟུགས་པོའི་འཕྲོད་བསྟེན་ལ་དོ་སྣང་བྱེད་མཁན་གྱི་འཛད་སྤྱོད་པ་ཚོའི་ཡིད་དབང་འགུག་ཐུབ།


    རྒྱུན་སྐྱོང་།


    7. མཉམ་འབྲེལ་ཞིང་ལས།
    ན་གཞོན་ཚོས་གྲོང་གསེབ་ལས་གྲོང་ཁྱེར་དུ་སྡོད་རྒྱུ་དང་ལས་ཀ་བྱེད་འདོད་ཆེ་རུ་འགྲོ་བཞིན་ཡོད་པས། ཞིང་པའི་མི་འབོར་མངོན་གསལ་དོད་པོས་ཉུང་དུ་འགྲོ་བཞིན་ཡོད། འགྱུར་འགྲོས་འདིས་ཞིང་ལས་ཀྱི་སྲོལ་རྒྱུན་རྒྱུན་སྐྱོང་བྱེད་པར་སྟོང་ཆ་ཞིག་བསྐྲུན་ཡོད་ལ། མཉམ་འབྲེལ་ཞིང་ལས་ནི་སྟོང་ཆ་དེ་བསྐང་བར་མཁོ་བའི་འོས་འཚམ་གྱི་ཐབས་ལམ་ཉག་ཅིག་ཆགས་ཡོད། གྲོང་གསེབ་རེ་རེར་མཉམ་འབྲེལ་ཞིང་ལས་བཙུགས་ན། ཞིང་པ་ཚོས་ངལ་རྩོལ་བ་མི་འདང་བའི་དཀའ་ངལ་སེལ་ཐུབ་པ་མ་ཟད། ས་ཞིང་གི་བདག་དབང་མ་ཤོར་བའི་ཐོག་ནས་ཐོན་ཁུངས་མཉམ་ལས་ཁང་ལ་བགོས་ཏེ་ཁེ་སྤོགས་ཀྱང་ལེན་ཐུབ། འདི་ནི་འབྲེལ་ཡོད་ཚང་མར་ཁེ་ཕན་ཡོད་པའི་ཚོང་ལས་ཀྱི་མ་དཔེ་ཡག་པོ་ཞིག་ཡིན།


    བོད་མིའི་ཁྲོད་དུ་ཐོན་ཁུངས་མཉམ་ལས་ཁང་ལ་བགོ་འགྲེམས་བྱེད་པའི་སྐབས་སུ་ཡིད་ཆེས་མ་འདང་བའི་དཀལ་ངལ་ཡོད་པས། ཞིང་པ་ཚོས་རྒྱུན་གཏན་ཚོགས་འདུ་འཚོགས་ཏེ། རང་རང་གི་སེམས་ནང་གི་དོགས་པ་དང་སེམས་ཁྲལ་སྐོར་ལ་གླེང་སློང་དང་། མཉམ་ལས་ཀྱི་ཁེ་ཕན་ཤེས་རྟོགས་ཡོང་བ་བྱེད་དགོས། གྲུབ་འབྲས་སྨིན་པའི་མཉམ་འབྲེལ་ཞིང་ལས་ཀྱི་དཔེ་མཚོན་གསལ་སྟོན་བྱེད་དགོས་ལ། མཉམ་ལས་ཀྱི་འཛིན་སྐྱོང་དང་། གངུལ་གཏོང་ལེན། ཁེ་སྤོགས་བགོ་བཤའ་བྱེད་སྟངས་སོགས་ཕྱི་གསལ་ནང་གསལ་བཟོས་ཏེ་ཕན་ཚུན་བར་ཡིད་ཆེས་བསྐྲུན་དགོས། དེ་མིན་ཞིང་ཕྱུགས་ཅུའུ་ལྟ་བུའི་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་དང་འགན་ལེན་བཙལ་ན། མཉམ་འབྲེལ་གྱི་ཞིང་ལས་བརྒྱུད་ནས་འཕྲད་སྲིད་པའི་ཉེན་ཁ་ཁག་ཆུང་དུ་གཏོང་ཐུབ། འོན་ཀྱང་། ཤེས་དགོས་པ་ཞིག་ལ། གཞུང་གི་རོགས་སྐྱོར་ལས་མང་ཚོགས་རང་སྟེང་ནས་མཉམ་འབྲེལ་རྩ་འཛུགས་བྱེད་ཐུབ་ན། ལས་འཆར་གང་རུང་ཡུན་གནས་ཐུབ་པར་ཕུགས་ཀྱི་ཁེ་ཕན་ཆེ།


    8. ཤེས་ཡོན་སྐྱེད་སྲིང་གི་ལས་རིམ།
    ཞིང་པ་ཚོའི་ནུས་པ་དང་། ཐོན་སྐྱེད། ཁེ་སྤོགས་བཅས་མཐོར་འདེགས་གཏོང་ཆེད། ཞིང་པ་ཚོ་རྒྱལ་ཁབ་ཕྱི་ནང་གི་ཤེས་བྱ་བརྗེ་རེས་ཀྱི་ལས་རིམ་དང་། ཟབ་སྦྱོང་འཛིན་གྲྭ སྦྱོང་བརྡར་བཅས་ཀྱི་ནང་དུ་མཉམ་ཞུགས་བྱེད་དགོས། དེས་འབྲེལ་ཡོད་ཚང་མར་སྔོན་ཐོན་ཞིང་ལས་ལག་རྩལ་དང་། ཐོན་ཁུངས་བེད་སྤྱོད། ཚོང་ལས་དོ་དམ་སོགས་དང་འབྲེལ་བའི་ཤེས་བྱ་དང་ནུས་རྩལ་མཐོར་འདེགས་གཏོང་ཐུབ། དཔེར་ན། དབྱི་སི་རེལ་གྱི་BioBee དང་། ཧོ་ལན་ཌའི་ཆུ་འདེབས་ཚོད་ལྟ་ཁང་ལ་ལྟ་ཞིབ་བྱེད་དུ་ཕེབས་ཚེ། ཤེས་བྱ་བརྒྱུད་སྤྲོད་དང་ལག་བསྟར་གྱི་ཐོག་ཏུ་རིན་ཐང་ལྡན་པའི་ངེས་ཤེས་གསར་པ་འཐོབ་ཐུབ།


    ཁེ་ལས་དང་འབྲེལ་བའི་ཁྲིམས་ལུགས།

    ༼དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས། ༽་ཞེས་པ་ནི། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པའི་ཐོག་དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་། ཁྲིམས་འདི་ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢༠ ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དེ་ནི་ཀྲུང་གོ་རྒྱལ་ཁབ་ནང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་བསལ་གྱིས་གཏན་འཁེལ་བྱས་པའི་་གཞི་རྩའི་ཁྲིམས་ལུགས་ཐོག་མ་དེ་ཡིན། དམངས་གཉེར་དཔལ་འབྱོར་གྱི་ཁེ་ལས་སོགས་ལ་ཁྲིམས་ལུགས་ཀྱི་ངོས་ཐད་ནས་སྲུང་སྐྱོབ་དང་མཐུན་རྐྱེན་སྦྱར་ཏེ་དར་རྒྱས་སུ་གཏོང་རོགས་དང་། སྲིད་གཞུང་གིས་ཁྲིམས་འགལ་ལུགས་འགལ་གྱིས་དམངས་གཉེར་དཔལ་འབྱོར་ལས་དོན་ཐེ་གཏོགས་དང་བར་ཆད་ལ་སོགས་བྱས་མི་ཆོག་པ་ལ་སོགས་པའི་སྒེར་གཉེར་ཚོང་ལས་ལ་ཕན་པའི་དོན་ཚན་མང་པོ་གཏན་འཁེལ་བྱས་ཡོད། རང་རེའི་ཁེ་ལས་པ་རྣམས་ཀྱིས་ཀྱང་ཁྲིམས་འདི་ལག་ཆ་བཟུང་སྟེ་རང་རང་གི་ཚོང་ལས་དང་དཔལ་འབྱོར་ལས་དོན་སྲུང་སྐྱོབ་བྱས་ན་ཆོག

      དང་པོ། མཐུན་གཉེར་གྱི་ཁྲིམས། ཁྲིམས་འདི་ནི་ཁེ་ལས་ཚོགས་པ་དང་དེའི་ཁོར་བསྐྱོད་ལ་དམིགས་ནས་གཏན་འབེབས་བྱས་པའི་གཞི་རྩའི་ཁྲིམས་ལུགས་ཤིག་ཡིན། མཐུན་གཉེར་གྱི་ཁྲིམས་ལུགས་ལྟར་ན། ཁེ་ལས་གསར་འཛུགས་བྱེད་སྐབས་ངེས་པར་དུ་ཐོ་འགོད་དེབ་བསྐྱེལ་བྱས་ཏེ། མཐུན་གཉེར་གང་ཟག་གི་མིང་དང་སྡོད་གནས། ཚོང་གཉེར་ཁྱབ་ཁོངས་དང་སྐལ་གྱི་བདག་པོའི་གནས་ཚུལ་སོགས་ངེས་གཏན་བྱེད་དགོས། དེ་ནས་མཐུན་གཉེར་ཁྲིམས་ཀྱིས་རིགས་མི་འདྲ་བའི་མཐུན་གཉེར་གསར་འཛུགས་ཀྱི་ཆ་རྐྱེན་གཏན་འཁེལ་བྱས་ཤིང་། དཔེར་ན་འགན་འཁྲི་ཚད་ཡོད་མཐུན་གཉེར་དང་མ་རྐང་ཚད་ཡོད་མཐུན་གཉེར་ལྟ་བུ། དེ་མིན་མཐུན་གཉེར་གྱི་སྐལ་གྱི་བདག་པོའི་ཐོབ་ཐང་དང་ཁེ་ཕན་དང་འོས་འགན་དག་ཀྱང་གཏན་འཁེལ་བྱས། དེ་ནང་དུ་སྐལ་བདག་གི་ཚོགས་འདུ་བསྐོང་སྟངས་དང་། ཁེ་སྤོགས་བགོ་བཤའ་བྱེད་ཐབས། འགྲོ་སོང་དང་ཡོང་འབེབ་ཀྱི་རྩིས་ཁྲ་གསལ་འགོད་སོགས་གཏན་འབེབས་བྱས་ཏེ་སྐལ་བདག་གི་ཐོབ་ཐང་སྲུང་སྐྱོབ་བྱས་པ་མ་ཟད། ཁེ་ལས་ལ་འཁོར་བསྐྱོད་ལེགས་པོ་ཡོང་བར་སྐུལ་འདེད་ཡང་བྱས་ཡོད། མཐུན་གཉེར་ནི་རང་རེའི་བོད་ལ་མཚོན་ན་ཤེས་དགོས་པ་མ་ཟད་ལག་ལེན་དུ་གདབ་དགོས་པའི་དཔལ་འབྱོར་དོན་དག་རྩ་ཆེན་ཞིག་ཡིན། སྤྱིར་མཐུན་གཉེར་གྱི་ལམ་ལུགས་དེ་ཕག་གྲུའི་དུས་སྐབས་མཇུག་ཙམ་ནས་ནུབ་ཕྱོགས་ལ་དར་བ་ཞིག་ཡིན་པས་དེས་ནུབ་ཕྱོགས་པའི་དཔལ་འབྱོར་དར་རྒྱས་ལ་ནུས་ཤུགས་བླ་ལྷག་བསྐྱེད་ཡོད། མཐུན་གཉེར་གྱི་སྤྱི་ཡི་གཞུང་ལུགས་དང་། དེ་ནས་ཀྲུང་གོ་རྒྱལ་ཁབ་ཀྱི་མཐུན་གཉེར་གྱི་ལམ་ལུགས་ལ་ང་ཚོས་སློབ་གཉེར་བྱེད་དགོས་པ་མ་ཟད། བོད་ཀྱི་ཁེ་ལས་བ་རྣམས་ཀྱིས་ཀྱང་མཐུན་གཉེར་གྱི་དགེ་མཚན་ལ་ངེས་ཤེས་ཟབ་མོ་རྙེད་དེ་ཅི་ལྟར་རང་རང་གི་ཁེ་ལས་དེ་མཐུན་གཉེར་གྱི་ཕྱོགས་སུ་དྲངས་ནས་སྔར་བས་ཀྱང་གཞི་རྒྱ་ཆེ་བའི་ཕྱོགས་ལ་སྤོ་ནུས་ན་སྤོ་དགོས་པའི་འཆར་འགོད་བྱེད་དགོས། ས་སྐྱ་པཎ་ཆེན་གྱིས། ཁྲོན་པའི་ཆུ་བོ་འཕེལ་འདོད་ན། གཅུ་བ་ཉིད་ནི་གདམ་ངག་ཡིན། ཞེས་གསུངས་བ་ལྟར། མ་རྩ་འཁོར་བསྐྱོད་གཞི་རྒྱ་ཆེན་པོ་བྱས་ཏེ་ཁེ་སྤོག་དེ་བས་ཀྱང་མང་བ་ལེན་པ་ནི་ཁེ་ལས་ཀྱི་དམིགས་ཡུལ་དང་མན་ངག་ཡིན་པས་ན། རང་ལ་ཡོད་པའི་དངུལ་རྐྱང་དེ་མ་རྩ་དང་མ་རྐང་སོགས་སུ་བཞག་སྟེ་མཐུན་གཉེར་འདྲ་མིན་གཟིག་ནུས་ན་དཔལ་འབྱོར་གྱི་རྙེད་པ་འཚོལ་བ་ལ་ཕན་པ་མ་ཟད། ལྷག་པར་དུ་རང་རེའི་སྤྱི་ཚོགས་ལ་དཔལ་འབྱོར་ཡར་རྒྱས་དང་། བྱ་བའི་གོ་སྐབས་བསྐྲུན་པ། ཚན་རིག་གསར་གཏོད་སོགས་དགེ་མཚན་རབ་ཏུ་མང་།

      གཉིས་པ། གན་རྒྱ་སྐོར་གྱི་ཁྲིམས་ཡིག་ནི་ཁེ་ལས་ལ་མཚོན་ན་མེད་དུ་མི་རུང་བའི་ཁྲིམས་ལུགས་ཤིག་ཡིན། ཁེ་ལས་ཀྱིས་གཞན་དང་གན་རྒྱ་འཇོག་སྐབས་དྲང་བདེན་དང་ཡིད་རྟོན་རུང་བ། རྫུན་དང་ངན་གཡོ་སྤང་སྟེ་དྲང་པོ་དྲང་བཞག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་གན་རྒྱ་ལག་བསྟར་དང་ཁྲིམས་མཐུན་ལ་འགན་ཁུར་དགོས་པར་སྐུལ་འདེད་ཀྱི་ཁྲིམས་ལུགས་ཤིག་ཡང་ཡིན། གན་རྒྱ་ཡི་ཁྲིམས་ལུགས་ཀྱིས། གན་རྒྱ་དང་འགལ་ན་འགན་ཁུར་ཅི་ཞིག་ཁུར་དགོས་པ་གཏན་འཁེལ་བྱས་ཤིང་། ཁེ་ལས་ཀྱིས་གན་རྒྱའི་འོས་འགན་མ་བསྒྲུབ་ན་འགན་ཁུར་དང་ཆད་པ་སོགས་གསལ་ཁ་གཏོད་དེ་གཏན་འབེབས་བྱས། བོད་ཀྱི་ཁེ་ལས་བ་རྣམས་ཀྱིས་ཁེ་ལས་ཀྱི་ལས་དོན་གཉེར་སྐབས་གཞན་དང་ངེས་པར་དུ་ཡིག་ཐོག་གི་གན་རྒྱ་འཇོག་རྒྱུ་དེ་ཤིན་ཏུ་གལ་ཆེ། ད་ལྟ་བོད་ཚིག་ཐོག་དང་རྒྱ་ཡིག་ཐོག་གི་དུས་སྐབས་མ་རེད། གཡོ་ཁྲམ་དང་རྫུན་བཤད་དེ་མགོ་སྐོར་གཏོང་མཁན་གང་སར་ཡོད་པས། རང་གི་ཁེ་ལས་ཀྱི་ཆེད་དུ་གན་རྒྱ་སོགས་འཇོག་དགོས་བྱུང་ཚེ། ངེས་པར་དུ་ཡིག་ཐོག་ནས་གན་རྒྱ་འཇོག་དགོས་པ་མ་ཟད། སྲིད་གཞུང་གིས་ཁེ་ལས་སྐོར་ཀྱི་ཁྲིམས་ལུགས་གནང་བཀག་ཀྱང་ཤིན་ཏུ་མང་ཞིང་ཞིབ་ཚགས་ཅན་ཡོད་པས་ན། གན་རྒྱ་ཁྲིམས་དང་མཐུན་པ་ཞིག་འཇོག་པ་དེ་ཡང་གལ་ཆེ། གལ་ཏེ་གན་རྒྱ་དེ་སྒོར་གྲངས་འབོར་ཆེན་ཡིན་པ་དང་ཡང་ན་ཁེ་ལས་ལ་འབྲེལ་བ་གལ་ཆེན་ཡོད་ན། ཁྲིམས་ཤེས་མཁན་གླས་ཏེ་གན་རྒྱ་འབྲི་རྒྱུ་དེ་ཡང་ཤིན་ཏུ་གལ་ཆེ།

      གསུམ་པ། ངལ་རྩོལ་ཁྲིམས་ལུགས་ཀྱིས་ཁེ་ལས་དང་དེའི་ལས་མི་དབར་གྱི་ངལ་རྩོལ་འབྲེལ་བ་གཏན་འཁེལ་བྱས་ཤིང་། ཁེ་ལས་ཀྱིས་ངེས་པར་དུ་ལས་མི་དང་ཡིག་ཐོག་གི་ངལ་རྩོལ་གན་རྒྱ་བཞག་སྟེ་ལས་ཀའི་ནང་དོན་དང་གླ་ཆ། ལས་ཀའི་དུས་ཚོད་དང་ཁེ་བཟང་ལ་སོགས་པའི་དོན་དག་གསལ་ཁ་གཏོད་དགོས། ལས་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ནས་བཤད་ན། ངལ་རྩོལ་ཁྲིམས་ལུགས་དེའི་ནང་དུ་ཆེས་དམའ་མཐའི་གླ་ཆ་དང་། ལས་ཡུན། ངལ་གསོ་དང་གུང་སང་། སྤྱི་ཚོགས་ཉེན་ཡོལ་ལ་སོགས་པ་ཡང་གཏན་འཁེལ་བྱས། ཁེ་ལས་ཀྱིས་ངེས་པར་དུ་ལས་མིར་བདེ་འཇགས་དང་བདེ་ཐང་ལྡན་པའི་ལས་ཀའི་ཁོར་ཡུག་མཁོ་སྤྲོད་བྱས་ཏེ་ལས་མིའི་ཁྲིམས་མཐུན་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པ་སོགས་ཀྱང་གཏན་འཁེལ་བྱས། བོད་ཀྱི་ཁེ་ལས་བ་རྣམས་ཀྱིས་མི་གླས་ཏེ་ཁེ་ལས་གཉེར་སྐབས། ཁྲིམས་ལུགས་འདི་ཤེས་ན་ལས་མིའི་ངལ་རྩོལ་ཐོབ་ཐང་དང་དེར་བརྩི་བཀུར་དང་ཁག་ཐེག་བྱས་ཏེ་ཁེ་ལས་ཁྲིམས་མཐུན་གྱིས་གཉེར་བ་ལ་ཤིན་ཏུ་གལ་ཆེ། ཁེ་ལས་འབྲིང་བ་དང་ཆེན་པོ་ཞིག་གཉེར་ན་ལས་མི་མི་ཉུང་བ་དགོས་པས། དེ་དག་དང་ཁྲིམས་མཐུན་གྱི་ངལ་རྩོལ་གན་རྒྱ་ཡིག་ཐོག་ནས་བཞག་སྟེ་གླ་ཆ་དང་ངལ་གསོ་ལ་སོགས་པའི་གལ་གནད་ཆེ་བའི་དོན་ཚན་གན་རྒྱའི་ནང་དུ་ཞིབ་ཚགས་ཀྱིས་བྲིས་ཏེ། མི་ཆོས་དང་ཁྲིམས་ལུགས་ལ་མཐུན་པའི་སྒོ་ནས་ལས་མི་བཀོལ་སྤྱོད་བྱེད་པ་ནི་གནད་འགག་ཡིན། ད་བར་མི་རྣམས་ཀྱི་ཁྲིམས་ལུགས་གོ་རྟོགས་ཅུང་ཟད་མཐོ་བས། ལས་མིར་གླ་ཆ་མི་སྤྲོད་པའམ་གཉའ་གནོན་སུན་བཙུར་སོགས་བྱས་ཏེ་ལས་ཀར་བཙན་གྱིས་བཀོལ་ཚེ། གཞུང་གིས་སྒོར་ཆད་ནན་མོ་གཅོད་པ་མ་ཟད། ཁ་ེལས་ཀྱི་འགན་འཛིན་སོགས་ལའང་བཙོན་འཇུག་ལ་སོགས་པའི་ཆད་པ་གཅོད་སྲིད་པས། ཁེ་ལས་བདེ་བླག་ངང་གཉེར་བར་ལས་མི་དང་ཁེ་ལས་ཀྱི་འབྲེལ་ལམ་བཟང་པོ་ཞིག་ཡོད་པ་དེ་ཤིན་ཏུ་གལ་ཆེ།

      བཞི་བ། ཁྲལ་དང་འབྲེལ་བའི་ཁྲིམས་ལུགས། ཁེ་ལས་ཀྱིས་ཚོང་གཉེར་གྱི་སྐབས་སུ་ཁྲལ་སྡུད་ཀྱི་ཁྲིམས་ལྟར་ཁྲལ་རིགས་ཐོ་འགོད་བྱེད་དགོས་པ་མ་ཟད། དུས་ལྟར་ཁེ་ལས་ཀྱི་ཁྲལ་སོགས་འཇལ་དགོས། ཁྲལ་དེ་དག་གི་ནང་དུ་ཁེ་ལས་ཀྱི་ཡོང་སྒོའི་ཁྲལ་དང་། གང་ཟག་སྒེར་གྱི་ཡོང་འབེབ་ཀྱི་ཁྲལ་ལ་སོགས་འདུས། ཁྲལ་དང་འབྲེལ་བའི་ཁྲིམས་ལུགས་ཀྱི་ནང་དུ་ཁྲལ་ཆག་ཡང་དུ་གཏོང་བའི་ཆ་རྐྱེན་སོགས་བཀོད་ཡོད་པས། ཁེ་ལས་ཀྱིས་རང་གི་གནས་སྟངས་ལ་གཞིགས་ཏེ་་ཁྲིམས་ལྟར་ཁྲལ་འཇལ་བ་་ཆག་ཡང་དུ་བཏང་སྟེ་ཁེ་ལས་འཁོར་སྐྱོད་ཀྱི་འགྲོ་སྒོ་ཇེ་ཉུང་དུ་བཏང་ན་ཆོག བོད་ཀྱི་ཁེ་ལས་བ་རྣམས་ཀྱིས་ཁྲལ་དང་འབྲེལ་བའི་ཁྲིམས་ལུགས་ཤེས་ན་རང་གི་ཁེ་ལས་ལ་ཁྲལ་བརྐུ་བ་དང་། ཁྲལ་མི་འཇལ་བ་སོགས་པའི་གནད་དོན་སྔོན་འགོག་བྱེད་ཐུབ་པ་དང་། རང་གི་ཁེ་ལས་དུས་ཡུན་རིང་དུ་གནས་ཐུབ་པ་ལ་ཕན།

      ལྔ་བ། ཤེས་རིག་བདག་དབང་སྲུང་ཁྲིམས། ཁེ་ལས་ཀྱིས་ཤེས་རིག་བདག་དབང་དཔེར་ན་ཟོང་རྟགས་དང་ཚོང་རྟགས། བརྩམས་ཆོས་བདག་དབང་ལྟ་བུ་གསར་གཏོད་དང་བཀོལ་སྤྱོད་ཀྱི་སྐབས་སུ་ངེས་པར་དུ་ཆེད་ཁེ་ཁྲིམས་དང་ཚོང་རྟགས་ཀྱི་ཁྲིམས། བརྩམས་ཆོས་བདག་དབང་གི་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་དགོས། ཁྲིམས་ལུགས་འདི་རིགས་ཀྱིས་ཁེ་ལས་ཀྱི་གསར་བཟོའི་གྲུབ་འབྲས་ལ་སྲུང་སྐྱོབ་བྱེད་པ་དང་། ཚོར་རའི་འགྲན་བསྡུར་ལའང་སྲུང་སྐྱོབ་བྱེད། ཁེ་ལས་ཀྱི་ཤེས་རིག་བདག་དབང་ལ་གཞན་གྱིས་གནོད་འཚེ་བསྐྱེལ་ན། ཁེ་ལས་ཀྱིས་ཁྲིམས་ལུགས་བརྒྱུད་རིམ་ལྟར་ཐོབ་ཐང་སྲུང་སྐྱོབ་བྱས་ན་ཆོག་པ་དང་། གནོད་པ་ཐེབས་པའི་གུན་ཚབ་འཇལ་དགོས་པའི་ཞུ་གཏུག་ཀྱང་བྱས་ན་ཆོག བོད་པའི་ཚོང་བ་དང་གསར་གཏོད་པ་རྣམས་ཀྱིས་རང་གི་ཚོང་ལས་ལས་བྱུང་བའི་ཚོང་དོན་མན་ངག་དང་གསར་གཏོད་དང་ཚོང་རྟགས་ལ་སོགས་པར་མི་གཞན་གྱིས་ཆོག་མཆན་མེད་པར་བཀོལ་བའམ་བརྐུས་ནས་བཀོལ་ན། ཁྲིམས་ལུགས་འདི་དག་གཞིར་བཟུང་སྟེ་ཞུ་གཏུག་བྱས་ན་ཆོག ལྷག་པར་དུ་བོད་ཀྱི་སྨན་པ་དང་གསོ་རིག་པ་སོགས་ཀྱིས་ཞིབ་འཇུག་བྱས་ཏེ་རྙེད་པའི་མན་ངག་དང་། གསར་གཏོད་བྱས་པའི་སྨན་དང་བཅོས་ཐབས་ལ་སོགས་པ་ལ་ཤེས་རིག་བདག་དབང་གི་སྲུང་ཐབས་སྤྱད་དེ་སྲུང་སྐྱོབ་བྱས་ན་བོད་ཀྱི་གསོ་རིག་རྒྱུད་འཛིན་ལ་ཕན་པ་མ་ཟད། དེ་དང་འབྲེལ་བའི་མི་དང་ཚོགས་པའི་དཔལ་འབྱོར་གྱི་ཡོང་འབེབ་ཡང་གོང་འཕེལ་དུ་གཏོང་ཐུབ།

      དྲུག་པ། དཔལ་འབྱོར་སྒེར་གཅོད་འགོག་ཁྲིམས། ཁྲིམས་འདིའི་དམིགས་ཡུལ་ནི་ཚོང་རའི་འགྲན་བསྡུར་གྱི་འགྲིག་ལམ་སྲུང་བའི་ཕྱིར་དང་། ཁེ་ལས་ཀྱིས་ལུགས་མཐུན་མིན་པའི་བྱེད་ཐབས་བརྒྱུད་དེ་ཚོང་ར་སྒེར་གཅོད་དང་། གཞན་གྱི་འགྲན་བསྡུར་ཚད་བཀག་བྱེད་པ་བཅས་འགོག་པའི་ཆེད་དུ་གཏན་འབེབས་བྱས། ཁེ་ལས་ཀྱིས་ཚོང་གཉེར་བྱེད་སྐབས་མཉམ་དུ་ངན་གྲོས་གདབ་པ་དང་། རིན་གོང་ཚོད་འཛིན། ཚོང་ར་བགོ་བཤའ་ལ་སོགས་པའི་ངན་སྤྱོད་སྤེལ་མི་རུང་། དེ་མིན་ལུགས་མཐུན་མིན་པའི་ཚོང་གཉེར་འགྲན་བསྡུར་འགོག་ཁྲིམས་ཀྱིས་གཡོ་ཟོལ་གྱི་ཚོང་ལས་ཁྱབ་བསྒྲགས་དང་། ཚོང་ལས་རང་བཞིན་གྱི་ལྐོག་བརྔན་སྤྲོད་པ། ཚོང་ལས་གསང་བ་ལ་གནོད་པ་ལ་སོགས་པའི་ཚུལ་མིན་འགྲན་བསྡུར་གྱི་བྱ་སྤྱོད་བཀག་ཡོད། བོད་ཀྱི་ས་ཁུལ་དུ་རྒྱ་རིགས་དང་ཧེ་རིགས་སོགས་ཀྱིས་དབྱར་རྩྭ་དགུན་འབུ་དང་ཤ་པགས་ལ་སོགས་པའི་རིན་གོང་ལ་ཚོད་འཛིན་དང་སྒེར་གཅོད་བྱས་པའི་དཔང་རྟགས་འཐུས་ཚང་བ་ཡོད་ན་འཛད་སྤྱོད་པ་དང་འབྲེལ་ཡོད་མི་སྣ་ཁྲིམས་ཁང་ལ་ཁྲིམས་འདི་དང་འབྲེལ་བའི་ཁྲིམས་ལུགས་གཞན་དག་རྒྱབ་རྟེན་བྱས་ཏེ་ཞུ་གཏུག་བྱས་ན་ཆོག

      བདུན་པ། འཛད་སྤྱོད་པའི་ཐོབ་ཐང་སྲུང་ཁྲིམས། ཁྲིམས་འདིས་འཛད་སྤྱོད་པའི་ཐོབ་ཐང་སྲུང་སྐྱོབ་བྱེད། ཁེ་ལས་ཀྱིས་རང་གི་ཚོང་རྫས་བཙོང་སྐབས་དང་། ཡང་ན་ཞབས་ཞུ་མཁོ་སྤྲོད་ཀྱི་སྐབས་སུ་ངེས་པར་དུ་ཚོང་རྫས་དང་ཞབས་ཞུ་བདེ་ཐང་རང་བཞིན། ཁྲིམས་མཐུན་རང་བཞིན་ལ་ཁག་ཐེག་བྱས་ཏེ་དྲང་བདེན་གྱི་སྒོ་ནས་ཚོང་རྫས་སོགས་ཁྱབ་བསྒྲགས་བྱེད་དགོས། བོད་ཀྱི་ཁེ་ལས་པ་རྣམས་ཀྱིས་རང་གི་ཚོང་རྫས་དང་ཞབས་ཞུ་ལས་རིགས་དེ་འཛད་སྤྱོད་པའི་བདེ་འཇགས་ལ་ཁག་ཐེག་ངེས་པར་དུ་བྱེད་དགོས། ཚོང་རྫས་རྫུན་མ་དང་ལྷད་ཞུགས་པ་ལ་སོགས་པ་གསར་བཟོ་དང་ཕྱིར་འཚོང་བྱས་ཏེ་འཛད་སྤྱོད་པ་ལ་གནོད་པ་ཐེབས་ན། དཔལ་འབྱོར་གྱི་གུན་ཚབ་དང་ཆད་པ་འཇལ་དགོས་པ་མ་ཟད་གནད་དོན་ཚབས་ཆེན་ཡིན་ན་ཉེས་དོན་གྱི་འགན་ཡང་ཁུར་དགོས།

    ཁེ་ལས་ཀྱི་རྣམ་པ་གལ་ཆེན་འགའ།

      གཅིག མ་རྩ་ཁེར་འཇོག་གི་ཁེ་ལས། མ་རྩ་འཇོག་མཁན་ནི་རང་བཞིན་གྱི་གང་ཟག་སྒེར་ཡིན་པ་དང་། བཞག་པའི་མ་རྩ་དང་རྒྱུ་ནོར་དེ་ཡང་གང་ཟག་དེ་ལ་དབང་ཞིང་། མ་རྩ་འཇོག་མཁན་གྱིས་རང་གི་སྒེར་གྱི་རྒྱུ་ནོར་ཡོད་དོ་ཅོག་གིས་ཁེ་ལས་ཀྱི་བུ་ལོན་དང་དོམ་འཇལ་བ་ལ་འགན་ཁུར་ཚད་བཀག་མེད་པ་ཁུར་དགོས་པའི་ཁེ་ལས་ལ་གོ ཁེ་ལས་འདི་རིགས་བོད་དུ་རྒྱ་ཆེ་བར་གནས་ཡོད། དཔེར་ན་གང་ཟག་སྒེར་གྱིས་བཟུང་བའི་ཟ་ཁང་དང་ཚོང་ཁང་ལ་སོགས་པ་ནི་ཁེ་ལས་འདི་རིགས་ཡིན་ཤས་ཆེ་བས། ཁེ་ལས་བ་མང་པོས་ཁེ་ལས་ཀྱི་རྣམ་པ་འདི་ལ་འགྲིས་གཤིབ་ཆེ། དེའི་དགེ་སྐྱོན་ནི་ཡོང་འབེབ་ཡོད་ན་རང་ཁོ་ནར་དབང་བ་དང་གྱོང་ཡོད་ན་རང་ཁོ་ནའི་ཁུར་དགོས་པ་ཞིག་ཡིན།

      གཉིས། གྲོགས་སྡེབ་ཁེ་ལས། དེ་ནི་ལས་གྲོགས་གཉིས་སམ་གཉིས་ལས་མང་པ་དག་གིས་མཉམ་སྡེབ་ཀྱིས་མ་རྩ་བཞག་སྟེ་མཉམ་སྡེབ་ཀྱི་དོན་གཉེར་བྱེད་ཅིང་། མཉམ་སྡེབ་ལས་གྲོགས་རྣམས་ཀྱིས་གྲོགས་སྡེབ་ཁེ་ལས་ཀྱི་བུ་ལོན་དང་དོམ་འཇལ་བ་ལ་འགན་ཁུར་ཚད་མེད་ཁུར་དགོས་པའི་ཁེ་ལས། གྲོགས་པོ་དང་ངོ་ཤེས་རེ་ཟུང་གིས་ཁེ་སྤོག་གི་ཆེད་དུ་མཉམ་དུ་མ་རྩ་བཞག་སྟེ་བཙུགས་ཤིང་མཉམ་དུ་དོན་གཉེར་བྱས་ན་་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་གྱི་ཁེ་ལས་ཤིག་ཡིན། ཁེ་ལས་ཀྱི་བུ་ལོན་དེ་ཡང་ཁེ་ལས་ཀྱིས་ཁུར་དགོས་པ་མ་ཟད། གལ་ཏེ་ཁེ་ལས་ལ་བུ་ལོན་འཇལ་བའི་ནུས་པ་མེད་ཚེ། མཉམ་སྡེབ་ཀྱིས་ཁེ་ལས་དོན་གཉེར་བྱེད་མཁན་དག་གིས་བུ་ལོན་འཇལ་ཚར་རག་བར་དུ་འགན་ཁུར་དགོས་པ་ནི་ཁེ་ལས་འདི་རིགས་ཀྱི་ཆ་རྐྱེན་ཡིན། མགྲོན་ཁང་དང་ཟ་ཁང་ཆེན་པོ་ལ་སོགས་པ་ནི་ཁེ་ལས་འདི་རིགས་ཀྱི་རྣམ་པའི་ཤུགས་ཆེ།

      གསུམ། ཐུན་མོང་ལ་དབང་བའི་ཁེ་ལས། ཞིང་གྲོང་གི་ངལ་རྩོལ་མི་མང་ངེས་ཅན་ཞིག་གིས་མ་དངུལ་བཏོན་ཏེ་བཙུགས་པའི་ཁེ་གཉེར་གང་ཞིག་དེའི་རྒྱུ་ནོར་ངལ་རྩོལ་མི་མང་ཐུན་མོང་ལ་དབང་བ་དང་། མཉམ་དུ་ངལ་རྩོལ་བྱས་ཏེ་སོ་སོའི་ངལ་རྩོལ་ལྟར་ཡོང་འབེབ་བགོ་བཤའ་བྱེད་པའི་ཁེ་ལས་ལ་གོ་ཞིང་། དེ་ལ་དབྱེ་ན་ཞིང་བརྡལ་དང་ཡུལ་ཚོའི་ངལ་རྩོལ་མང་ཚོགས་ཐུན་མོང་ལ་དབང་བའི་ཁེ་ལས་བཅས་གཉིས་ཡོད། བོད་ཀྱི་རོང་འབྲོག་ས་ཁུལ་དུ་ཁེ་ལས་འདི་རིགས་མང་། དཔེར་ན་ཞིང་ལས་ཡོ་བྱད་འཕྲུལ་ཆས་ཚོང་ཁང་། ས་བོན་དང་ལུད་རྫས་ཚོང་ཁང་། མར་ཕྱུར་བཟོ་སྣོན་ལས་གྲྭ་དང་གོ་པགས་ལས་སྣོན་བཟོ་གྲྭ་ལྟ་བུ། ཁེ་ལས་འདི་རིགས་ཀྱི་ངོ་བོ་་ནི་རོང་འབྲོག་ས་ཁུལ་གྱི་ཁྱད་ཆོས་ལ་དམིགས་ཏེ་ངལ་རྩོལ་མི་མང་གིས་བཙུགས་པའི་འབྲོག་པ་དང་ཞིང་བར་ཐད་གར་དཔལ་འབྱོར་གྱི་ཕན་ཐོགས་ཡོད་པ་དེ་ཡིན། ད་བར་སྲིད་གཞུང་གིས་ཀྱང་ཁེ་ལས་འདི་རིགས་ལ་རོགས་དངུལ་སྤྲད་དེ་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། དེར་ཡོད་པའི་མི་མང་གིས་རང་གི་ས་གནས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་ཁེ་ལས་འདི་རིགས་སྤེལ་ན་ཆོག

      བཞི། མི་སྒེར་གྱི་ཁེ་ལས། དེ་ནི་གང་ཟག་གཅིག་གམ་ཁྱིམ་ཚང་གཅིག་གིས་འཛིན་སྐྱོང་ཚོང་གཉེར་གྱི་ཁེ་ལས་ཡིན། ཁེ་ལས་ཀྱི་བུ་ལོན་དང་དོམ་དེ་དག་མི་སྒེར་རམ་ཡང་ན་ཁྱིམ་ཚང་གི་རྒྱུ་ནོར་ཀྱིས་འཇལ་བའི་འགན་ཁུར་དགོས། ཁེ་ལས་འདི་རིགས་བོད་ཡུལ་དུ་མང་པོ་ཡོད་པས་མང་དུ་བརྗོད་མི་དགོས།

      ལྔ། ཞིང་པའི་མཉམ་ལས་ཁང་། ཞིང་པ་དག་གིས་རང་མོས་གྱིས་མཉམ་འབྲེལ་བྱས་ཏེ་དམངས་གཙོའི་དོ་དམ་ལ་བརྟེན་ནས་གྲུབ་པའི་ཕན་ཚུན་རོགས་རམ་རང་བཞིན་ཅན་གྱི་དཔལ་འབྱོར་རྩ་འཛུགས་ལ་གོ ཞིང་བའི་མཉམ་ལས་ཁང་འདི་ཡང་བོད་ཁུལ་དུ་མང་། དེ་ནི་རོང་འབྲོག་མི་མང་གི་ཐོན་བསྐྱེད་ལ་ཕན་པའི་ཁེ་ལས་ཤིག་ཡིན་པས་སྲིད་གཞུང་གིས་རོགས་དངུལ་སྤྲད་བཞིན་ཡོད། མགོ་ལོག་གི་རྒན་ར་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ནི་ཁེ་ལས་འདི་རིགས་དད་མོས་དང་ལག་བསྟར་བྱེད་མཁན་ཡིན་པས། ཁེ་ལས་འདི་རིགས་གཉེར་འདོད་ན་ཁོང་གི་གམ་དུ་བསླབ་བྱ་དང་ཉམས་མྱོང་སོགས་བླངས་ན་བཟང་།